Tag Archives: dodrupchen

རྡོ་གྲུབ་རིན་པོ་ཆེའི་གདམས་ངག་ཉུང་བསྡུས་བཞུགས་སོ།།

དུས་ངན་གྱི་མཐའ་འདིར། སངས་རྒྱས་ཀྱི་བསྟན་པ་དར་བ་དང་། སེམས་ཅན་ལ་བདེ་སྐྱིད་འབྱུང་བའི་ཆེད་དུ་ཆོས་ཅི་ཞིག་སྒྲུབ་ན་བཟང་། མ་འོངས་པར་བོད་དུ་ཅི་འདྲ་ཞིག་ཡོང་ངམ། སངས་རྒྱས་ཀྱི་བསྟན་པ་ཇི་འདྲ་ཞིག་དར་རྒྱུ་རེད་ཅེས་སྤྲུལ་ཐུབ་བསྟན་ལུང་རྟོགས་བསྟན་འཕེལ་མཆོག་གིས་ཞུས་པ་ན། རྡོ་གྲུབ་རིན་པོ་ཆེས། ལགས་སོ།། ཁྱེད་ཀྱིས་ང་ལ་དྲི་བ་གལ་ཆེན་པོ་གནད་དུ་མི་ཕོག་རྒྱུ་འགའ་དྲིས་བཞག་ཐལ།  ངས་བསམ་ན། ཆོས་རྣམ་པར་དག་པ་སྒྲུབ་མཁན་དེ་ག་འདྲ་ཞིག་རེད་ཟེར་ན། རྗེ་བཙུན་མི་ལ་རས་པ་ལྟ་བུ། དཀའ་སྤྱད་ཁྱད་གསོད་ནུས་པ། སྐྱེད་བུ་དམ་པ་ཚེ་གཅིག་ལུས་གཅིག་ལ་རྫོགས་པའི་སངས་རྒྱས་ཀྱི་སར་གཤེགས་པའི་བསྟན་འཛིན་གྱི་སྐྱེས་བུ་དེ་ལྟ་བུ། དེ་ནི་ཆོས་པ་རྣམ་པར་དག་པ་རེད། དེའི་མཚོན་ཨྱོན་རིན་པོ་ཆེ་དང་རྗེ་འབངས་ཉེར་ལྔ་སོགས་བསྟན་འཛིན་གྱི་སྐྱེས་བུ་མང་པོ་ཞིག་གནས་གང་བཟང་དག་ཏུ་ཕེབས་ཏེ་ནམ་མཁའི་གར་ཁྱབ་ཀྱི་སེམས་ཅན་དག་ལ་དམིགས་ཏེ་ཐུགས་བསྐྱེད་རྒྱ་ཆེན་པོ་བྱས་ཏེ་མཚམས་བསྙེན་སྒྲུབ་སོགས་བྱས་མཐར་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་ཀྱི་སར་གཤེགས་པ་ལྟ་བུ་དག་ནི་ཆོས་པ་རྣམ་དག་ཟེར་བ་རེད། ཨྱོན་རིན་པོ་ཆེས།  དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན།། དེ་དུས་མི་ལ་བསོད་ནམས་སྙན་གྲགས་མེད།། གསུངས་བ་ལྟར། སྙིགས་མ་ལྔ་བདོ་བའི་སྐབས་འདིར། དུས་འགྱུར་འགྲོ་བ་ཆེན་པོ་ཡོད་པ་མ་རེད། གཙོ་བོ་མི་རང་རང་སོ་སོའི་བསམ་བློ་འགྱུར་ཏེ། ཁ་སང་དེ་རིང་འཛམ་བུ་གླིང་འདིར་སྟོབས་འབྱོར་མངའ་ཐང་ཧ་ཅང་ཆེན་པོ་འབྱུང་གི་ཡོད་པ་རེད། སྟོབས་འབྱོར་མངའ་ཐང་སོགས་ཅི་ཙམ་འཕེལ་རྒྱས་སོང་ན་སངས་རྒྱས་ཀྱི་བསྟན་པར་ཕན་ཐོགས་ཡོད་དམ་ཟེར་ན། ངས་བསམ་ན་ཕན་ཐོགས་མེད་ཁུ།  རྒྱུ་མཚན། སྟོབས་འབྱོར་ཆུང་བ། དཔེར་ན། འབྲུག་ཡུལ་ལྟ་བུར་མཚོན་ན། སངས་རྒྱས་ཀྱི་བསྟན་པ་ལ་དད་པ་དང་དག་སྣང་ཡོད་པ་ནི་གཞན་དང་བསྡུར་ཐབས་མེད་པར། སྔོན་ཆད་རྙིང་ལུགས་ཀྱི་བོད་པ་དག་དང་ཧ་ཅང་འདྲ་བར། སེམས་དང་བསམ་པ་བཟང་བ། འདོད་ཆུང་ཆོག་ཤེས་ཡོད་པ། རྐུན་མ་སོགས་མེད་པ། དད་ཡུལ་དགེ་འདུན་པའི་སྡེ་མཐོང་ན་མགོའི་ཞྭ་འཕུད་པ་དང་། ཕྱག་འབུལ་བ་སོགས་བྱེད་པ་རེད། དེང་སང་བླ་མ་སོགས་བྱོན་འགྲོ་བ་མཐོང་ན། ཨོ་གན་བླ་མ་བཟང་བོ་ཞིག་ཡིན་རེད། འདི་བླ་མ་བཟང་བོ་ཞིག་ཡིན་པ་མ་རེད། ཅེས་འདྲ་མིན་གྱི་སྐད་ཆ་བཤད་ཡོང་བ་རེད། དེ་ལྟ་བུའི་སྒོ་ནས་བླ་མ་དཀོན་མཆོག་གསུམ་ལ་དད་པ་དང་དག་སྣང་ཆུང་བར་བུད་སོང་བ་རེད།  འདི་ལྟ་བུའི་གནད་ནི་མི་ཚང་མའི་བསམ་བློ་འགྱུར་སོང་བ་རེད། བསམ་བློ་གསར་བ།དུས་ཚོད་གསར་བ་སོགས་འཛམ་གླིང་འདི་འཕེལ་རྒྱས་ཆེན་པོ་ཡོང་བའི་རྐྱེན་གྱིས་མི་ཚང་མའི་སེམས་ནང་ལའང་འདྲ་མིན་གྱི་དོན་དག་མང་པོ་ཤར་ཏེ་ཆོས་ཡག་པོ་མ་འགྲུབ་པར་ལོག་ལམ་འགྲོ་གི་ཡོད་པ་རེད། སྔོན་ཆད། གསེར་སྐུ་མཐོ་གང་ཙམ། ཡང་ན་དཔེ་ཆ་སོགས་རྟེན་ཅི་འདྲ་ཞིག་ཡོད་པ་ཡིན་ན། ཁྱིམ་ཚང་རང་རང་གིས་མཆོད་མེ་སྐོང་བུ་གང་མ་གཏོགས་མེད་ནའང་། དེ་ཡར་མཆོད་ནས་ཕྱག་འཚལ་བ་དང་དད་པ་དང་དག་སྣང་ཡག་པོ་བྱེད་པ་རེད། འོན་ཀྱང་། ཁ་སང་དེ་རིང་ལྟ་བུ་ཞིག་ལ་མཚོན་ན། བོད་མའི་ཁྲོམ་ལྟ་བུ་ཞིག་ལ་སོང་བ་ཡིན་ནའང་། སྐུ་གསུང་ཐུགས་རྟེན་ཚང་མ་ཚོང་རྫས་ཀྱི་ཚུལ་དུ་བཀྲམ་འདུག  ངོ་མ་བཤད་ན། དགོན་པ་ཞིག་གི་ནང་འཛོམས་མི་ཐུབ་རྒྱུའི་གསེར་སྐུ་མང་པོ་སྒོ་ཕྱི་ནང་གང་སར་བཀྲམ་འདུག དེ་བཙོང་རན་དུས་སྟེང་དུ་འགོམས་ཏེ་ཚུར་བླངས་ནས་བཙོང་གི་ཡོད་པ་རེད། དེ་ལྟ་བུའི་སྣང་བརྙན་འོག   ཇོ་མོ་དང་བན་དེ། རྒད་པོ་རྒན་མོ་ལ་སོགས་པས་ཀྱང་མཐོང་ཆེན་རྒྱ་ཆེན་པོ་མི་བྱེད་པར། ཁ་ནས་མ་ཎི་དང་སྐྱབས་འགྲོ་བཏོན། ལག་པས་འཁོར་ལོ་བསྐོར། སྐུ་གསུང་ཐུགས་རྟེན་སོགས་བཙོང་རན་དུས། བསམ་བྱ་ཅི་ཡང་མེད་པར་སྤྱིར་བཏང་གི་ཚོང་རྫས་བཞིན་བཙོང་བར་བྱེད་པ་རེད། དེ་ཡིན་ན། འདི་ནི་སངས་རྒྱས་ཀྱི་བསྟན་པ་རྒུད་པའི་རྟགས་མཚན་རྒྱ་ཆེན་པོ་ཞིག་རེད། འདི་ནི་ང་རང་ཉིད་ཀྱི་ངོས་ནས་བསམ་བློ་བཏང་བ་ཡིན་ན་ཧ་ཅང་ཡག་པོ་ཞིག་མ་རེད་བསམ་བྱུང་།  ཉེ་སྔོན་ང་རང་ཉིད་གསེར་སྐུ་ཞིག་བླུ་ཆེད་ཁྲིན་ཏུའུ་བོད་མའི་ཁྲོམ་དུ་སོང་བ་ཡིན། ཧ་ཅང་དགོན་ཆེན་ཞིག་གི་ནང་མེད་རྒྱུའི་སྐུ་གསུང་ཐུགས་རྟེན་མང་པོ་ཡོད་ཁུ། དེ་དག་བཙོང་མཁན་ནི་བོད་ཀྱི་གྲྭ་བ་དང་ཇོ་མོ། རྒད་པོ། རྒན་མོ་རྐྱང་བ་རེད། ཕར་བལྟས་བཞག་ན། འདི་ཚོ་མྱུར་མོར་སངས་རྒྱས་ལོས་འགྲོ་སྙམ་པར་ལག་འཁོར་ལོ་དང་། ཁ་མ་ཎི་རེད། ངོ་མར་བཤད་ན། དེ་དག་གི་རྒྱུད་ན་སྐྱབས་འགྲོའི་སྡོམ་པ་ཡོད་དམ་ཟེར་ན། ངས་མཐའ་གཅིག་ཏུ་དེ་དག་གི་རྒྱུད་ན་སྐྱབས་འགྲོའི་སྡོམ་པ་མེད་ཟེར་ཐུབ།  ཕྱིན་ཆད། བོད་ཀྱི་བླ་མ་དང་ཇོ་སེར་ཁྱིམ་པ་ཕོ་མོ་སུ་ཡིན་ན། སྐུ་གསུང་ཐུགས་རྟེན་བཙོང་ནས་རིན་མི་ལེན་རྒྱུ་གལ་ཆེ་བར་སེམས། ཆགས་མེད་བདེ་སྨོན་ལས། སྐུ་གཟུགས་མཆོད་རྟེན་ལྷ་ཁང་བཤིགས་ལ་སོགས།།  ཉེ་བའི་མཚམས་མེད་སྡིག་བྱས་མཐོལ་ལོ་བཤགས།། ཞེས་གསུངས་བ་ནང་བཞིན་རེད། དེ་ཡིན་ན། དེ་ལྟར་སྐུ་གསུང་ཐུགས་རྟེན་གྱི་ཚོང་ལས་གཉེར་ན་ཐར་བ་མེད་པ་བཤད་མ་དགོས་པ་རེད། ཕྱིན་ཆད་གྲྭ་བ་ཇོ་མོ་ཁྱིམ་པ་ཕོ་མོ་སུ་ཡིནའང་། སྐུ་གསུང་ཐུགས་རྟེན་གྱི་ཚོང་ལས་མ་གཉེར་ན་ཡག་པོ་འདུག་སྙམ།  གལ་ཏེ།འཚོང་བྱེད་དགོས་པའི་དབང་དུ་བཏང་ནའང་། ཡར་མཐོ་སར་བཤམས་ཏེ་བཙོང་ན་ལོས་བཟང་སྙམ། སྤྱིར་ན། ཇོ་སེར་དག་ནི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་གཞི་འཛིན་ལྟ་བུ་རེད། དེའི་ཕྱིར། ངས་བལྟས་ཡོང་ན་འདི་དག་གིས་སྐུ་གསུང་ཐུགས་རྟེན་གྱི་ཚོང་བྱས་ན་མི་འགྲིག་གི་བསམ། ངས་འདི་ལྟར་བཤད་ཡོང་བ་ཡིན་ན། ང་ལ་དགག་པ་གཏོང་མཁན་ཡང་ཡོད་སྲིད།  དགག་པ་གཏོང་མཁན་ཡོད་ནའང་། དགའ་བཞིན་སྤྲོ་བཞིན་ཡིན།ཅིའི་ཕྱིར་ཟེར་ན། ནང་བ་སངས་རྒྱས་པ་ཟེར་བ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་མཁན་དག་ཡིན་རེད། དེ་ཡིན་ན། དཀོན་མཆོག་གསུམ་པོ་དེ་ཕར་བཙོང་གི་ཡོད་མཁན་ཞིག་ཡིན་ན། དཀོན་མཆོག་གསུམ་གྱི་གླུད་ཟོས་པ་རེད། དེ་འདྲ་ཞིག་ཡིན་ཕྱིན།  དེའི་ཡན་གྱི་སྡིག་པ་ཚབ་ཆེན་ཞིག་ཡོད་པ་མ་རེད། ཆགས་མེད་བདེ་སྨོན་ཡིན་ན་འདྲ། དེ་མིན་ནའང་། རྒྱུད་མང་པོའི་ནང་གསུངས་ཡོད་པ་རེད། དེ་འདྲ་ཡིན་ན། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་བསོད་དར་རྒྱས་སོགས་ཀྱི་བཀའ་དྲིན་གྱིས་ཕྱི་ནང་གི་རྒྱལ་ཁབ་མང་པོར་བོད་ཀྱི་མདོ་སྔགས་ཀྱི་ཆོས་ཀུན་དར་བར་བྱས་ཏེ། རྒྱལ་ཁབ་དེ་དག་གིས་ཀྱང་། བོད་ཅེས་པ་དེ་ནི་བྱམས་ལྡན་གྱི་མི་རིགས། ཆོས་ལྡན་གྱི་རྒྱལ་ཁབ་ཅེས་བསྟོད་བསྔགས་དང་ཡི་རང་བླ་མེད་བྱེད་ཀི་ཡོད་པ་རེད།   དེ་འདྲ་ཡིན་ན། ཕྱིའི་རྒྱལ་ཁབ་ཀྱི་མི་ཞིག་གིས་རིག་ན་ཆོག་གི།  ནང་གི་རྒྱལ་ཁབ་ཀྱི་མི་ཞིག་གིས་རིག་ན་ཆོག་གི།  ཕྱི་ནང་གང་ཞིག་གིས་རིག་བྱུང་ན་ཆོག   རྒྱུད་དག་གི་ནང་སྐུ་གསུང་ཐུགས་རྟེན་བཙོང་ནས་གླུད་ཟ་མི་ཉན་གསུངས་ཡོད་ཁུ། འོན་ཀྱང་། ནང་བསྟན་སློབ་གཉེར་བའི་གྲྭ་བ་ཇོ་མོ་དག་གིས་འདི་ལྟར་འཚོང་བྱེད་ཀིན་འདུག་སྙམ་པའི་མ་དད་པ་སྐྱེ་ཡོང་བ་རེད། ཡང་གཅིག་བཤད་ན། ཆོས་ཀྱི་དོན་ཚུར་གོ་བརྡ་སྤྲོད་མཁན་ནི་ནང་བསྟན་སློབ་གཉེར་བའི་ཇོ་སེར་དག་རེད། གཞན་ལ་སྐུ་གསུང་ཐུགས་རྟེན་གྱི་བཙོང་མཁན་ཡང་ནང་བསྟན་སློབ་གཉེར་གྱི་ཇོ་སེར་དག་རེད་སྙམ་པའི་སྒོ་ནས་དེ་ལྟ་བུའི་གཞན་སེམས་སུན་འབྱིན་པར་བྱེད་པ་ཡིན་པས། གཞི་ནས་ཡག་པོ་མི་འདུག་བསམ་བྱུང་། འདི་དག་ནི་དུས་ངན་གྱི་རྟགས་མངོན་འགྱུར་བྱུང་བ་རེད་སྙམ། ཁྱད་པར། ཨྱོན་རིན་པོ་ཆེས། དུས་ངན་བཟློག་ཐབས་མེད་པ་ཞིག་ཡོད་གསུངས་བ་ཐོན་ལ་ཉེ་བར་མཁས་གྲུབ་མང་པོས་གསུང་བཞིན་འདུག དེ་འདྲ་ཡིན་ན། དགེ་སྒྲུབ་སྡིག་སྤང་ཡག་པོ་བྱས། ཆོས་གང་དང་གང་སྒྲུབ་རྒྱུ་ཅན་ཞིག་ཡིན་ན། འགྲོ་བ་སྤྱི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དང་། བྱེ་བྲག་ཨྱོན་རིན་པོ་ཆེས་དུས་ངན་གྱི་ཚེ་སངས་རྒྱས་ཀྱི་བསྟན་པ་ནུབ་འགྲོ་གསུངས་བའི་ལུང་བསྟན་ཅུང་བཟློག་པར་བྱེད་པའི་ཆེད་དུ། བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་གིས་མདུན་བསུས་ཏེ། བསམ་ལྷུན། སྐྱབས་འགྲོ་གང་བཏོན་པ་ཡིན་ན། དཀོན་མཆོག་གསུམ་གྱིས་ནམ་ཡང་བསླུ་བ་ཡོད་པ་མ་རེད། ཁ་སང་དེ་རིང་ཡོད་ཚད་གསར་བ་ཡིན་པར་རློམ་དུས། མི་ཚང་མས་སེམས་ལ་དྲན་རྒྱུ་དང་སྣོག་རྒྱུ་མང་པོ་ཡོད་རེད། དེ་ཡིན་ན། ཆོས་པ་རྣལ་མ་ཞིག་འཁྱོངས་དགོས་པ་ཡིན་ན། དེ་ལྟ་བུའི་ཟང་ཟིང་གི་མགོ་རྨོངས་བར་བྱེད་ཉན་པ་མ་རེད། ཉེ་ལམ་ཡང་བསྟན་འཛིན་གྱི་སྐྱེས་བུ་མང་པོས་ཆོས་སྤེལ་དང་སྤེལ་བཞིན་པའི་སྒང་རེད། ཁ་ན་གྲུབ་མཐར་ཕྱོགས་རིས་དང་རྩོད་གཞི་མེད་ཟེར། ཁོག་ན་གྲུབ་མཐར་ཕྱོགས་རིས་དང་རྩོད་གཞི་ཡོད་རེད། ཁ་ནས་བླ་མ་ལ་ཁྱད་མེད་ཟེར་རེད། ཁོག་ན་བླ་མ་ལ་ཁྱད་པར་ཡོད་རེད། ཁ་ནས་ཆོས་ཡག་པོ་སྒྲུབ་དགོས་ཟེར་རེད། ཁོག་ན་ཆོས་ཡག་པོ་འགྲུབ་ཀི་ཡོད་པ་མ་རེད། གནས་བབས་དེ་འདྲ་ཞིག་ཡིན་པས། དེའི་ཐད་བསྟན་འཛིན་གྱི་སྐྱེས་བུ་ཕོ་མོ་ཡོངས་ཀྱིས་ཐུགས་བསྐྱེད་སྨོན་ལམ་ཡག་པོ་རེ་འདེབས་རྒྱུ་གལ་ཆེན་པོ་ཡིན་པར་སེམས། མདོར་ན། ཁ་སང་དེ་རིང་གི་དུས་སྐབས་འདིར་ཚང་མས་བྱ་མིག་ཡར་ལྟོས་ཀྱིས། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་བསོད་དར་རྒྱས་སོགས་ཀྱི་བསྟན་པ་འདི་ལ་ཐུགས་ཁུར་ཇི་ལྟར་མཛད་པ་ནང་བཞིན། ཚང་མས་ནང་བསྟན་གྱི་དར་རྒུད་དང་། སེམས་ཅན་གྱི་བདེ་སྐྱིད་ཆེད་ཤུགས་རྒྱག་རྒྱུར་རེ་བ་ཡོད། དུས་ཀྱི་རྒུད་པ་སེལ་བའི་གསོས་སྨན་ལྟ་བུར་གྱུར་བའི་མན་ངག་འདི་ནི་སྤྲུལ་སྐུ་ཐུབ་བསྟན་ལུང་རྟོགས་བསྟན་འཕེལ་མཆོག་གིས་བསྐུལ་ངོར་རེབ་གོང་པ་འཁོན་སྲས་རྣོ་ཟེར་གྱིས་ཡི་གེར་ཕབ་པ་དགེ་གྱུར་ཅིག གསལ་བཤད། ཕྱི་ནང་གི་ཀློག་པ་པོ་མང་པོ་ཞིག་གིས་གསུང་འདི་ནི་རྡོ་གྲུབ་སྤྲུལ་སྐུ་ཐུབ་པའི་ཡིན་པར་འདོད་དེ། ས་སྤེལ་རྡོ་སྤེལ་བྱེད་ཀྱིན་འདུག རེད་དེ། འདི་ནི་རྡོ་གྲུབ་བཞི་བ་རིག་འཛིན་བསྟན་པའི་ཉི་མའམ་ཡར་ལུང་རིན་པོ་ཆེའི་གདམས་ངག་ཞིག་རེད།

Posted in Buddhism | Tagged , | Leave a comment